首页 > 正文

牦牛入股 牧民“上班”合作草原上“三变”改革悄然兴起

2019-06-23 14:22 | 来源: 甘肃记协
【字号: 打印  
Video PlayerClose

    སྒོ་ཕྱུགས་མ་རྐང་གཞིར་གྱུར་པའི།། འབྲོག་པའི་འཚོ་སྐྱོང་ལུགས་སྲོལ་བསྒྱུར།།

    ---གཙོས་གྲོང་ཁྱེར་གྱི་འབྲོག་ཁུལ་དུ“བསྒྱུར་གསུམ”བསྒྱུར་བཅོས་ཀྱི་སྲོལ་དར་བ།

    རྩི་ཤིང་ལོ་འདབ་རབ་ཏུ་རྒྱས་ཏེ་བྱ་བྱིའུ་ཡིས་སྐད་སྙན་སྣ་ཚོགས་སྒྲོག་པའི་དབྱར་ཟླ་བདུན་པའི་དུང་ཕྲུག་རྩྭ་ཐང་ན་རྟ་ནོར་གྱི་ཤ་ཤེད་རྒྱས་ཤིང་། རོང་འབྲོག་མང་ཚོགས་ཀྱིས་ཆེད་ལས་མཉམ་ལས་ཁང་དང་འབྲོག་དམངས་གཏན་སྡོད་གཞི་ས། སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་ཉེན་འགོག མ་མཐའི་འཚོ་རྟེན་འགན་སྲུང་། རྨོ་བསྐྱུར་ནགས་འཛུགས་དང་། ཆུ་དང་ལམ། གློག་གསུམ་འཐེན་པ་གཙོ་བྱས་པའི་དམངས་འཚོའི་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱིས་རྒྱུན་ཆད་མེད་པར་བོད་ཁུལ་གྱི་སྲིད་ཇུས་ལོངས་སྤྱོད་བྱེད་བཞིན་ཡོད་པས། འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བདེ་སྐྱིད་ཀྱི་ཚོར་སྣང་སྔར་ལས་ཇེ་དྲག་ཏུ་གྱུར།

    ཨ་སྔོན་དབྱིངས་སུ་སྤྲིན་དཀར་དུམ་བུ་ལང་ལོང་གཡོ་བཞིན་པའི་ཉིན་ཞིག་གི་ཞོགས་པར། “དམངས་འཚོར་དོ་ཁུར་དང་འབྱོར་འབྲིང་མཉམ་སྐྲུན”ཞེས་པའི་སྲིད་ཇུས་བཟང་བོ་དེ་ཡིད་ལ་བཟུང་ནས་གཙོས་གྲོང་ཁྱེར་སྣ་བུག་ཤང་རྡོ་དཀར་ཀུན་འདུས་དར་འཕེལ་བཞོན་མ་ཆེད་ལས་མཉམ་ལས་ཁང་དུ་བཅར་འདྲི་བྱེད་དུ་ཆས། རང་ཉིད་ཀྱིས་སྤྱི་སྤྱོད་རླངས་འཁོར་ཞིག་གླས་ཏེ་གཙོས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བཅུ་ཕྲག་འགའ་ལས་མེད་པའི་མཉམ་ལས་ཁང་གི་ཕྱོགས་སུ་སོང་། གནས་དེར་ཐོན་པ་ན་སྔ་དྲོའི་ཆུད་ཚོད 11ལ་བསླེབས་འདུག དར་འཕེལ་མཉམ་ལས་ཁང་གི་མཛོ་མོས་སོས་དལ་བག་ཕེབས་ངང་རྩྭ་ཆུ་ལ་རོལ་བཞིན་ཡོད། རྡོ་དཀར་ཀུན་འདུས་སྡེ་བའི་སྡེ་དམངས་ཆོས་ཐར་ནི་མཉམ་ལས་ཁང་གི་ནོར་རྫི་ཡིན། ཁོས་ཞོགས་པའི་ཆུ་ཚོད 6གི་སྟེང་དུ་ནོར་དག་རི་ལ་དེད་ནས་ཕྱི་དྲོའི་དུས་ཚོད 6 ཡས་མས་སུ་ནོར་ནག་མཉམ་ལས་ཁང་གི་དྲོད་སྤྱིལ་ཁང་དུ་ཕྱིར་བསྡུ་གྱིན་ཡོད། སྔོན་ཆད་དུས་རྒྱུན་དུ་ནོར་རྫི་ཡིན་པའི་ཁོ་རང་ལ་མཚོན་ན་ཆེས་ཆེ་བའི་འགྱུར་ལྡོག་ནི་ད་ལྟ་ལོ་ཧྲིལ་བོར་ནོར་ནག་གི་རྗེས་འདེད་མི་དགོས་པར་རང་ཉིད་ཀྱི་ལས་རེས་ཀྱི་ཉིན་དེར་ནོར་རྫི་ལ་ཉིན་གཅིག་འགྲོ་དགོས་པ་དེ་ཡིན། ལས་རེས་ཀྱང་ཟླ་བ་གཉིས་ཀྱི་ནང་དུ་ཐེངས་གཅིག་མ་གཏོགས་ཁེལ་མི་སྲིད། དུས་ཡུན་ཟླ་གཉིས་པོའི་རིང་ལ་ཁོ་རང་གྲོང་ཁྱེར་དུ་སོང་ནས་ཞོར་ལས་ལས་ནས་ཡོང་སྒོའི་ལམ་བུ་ཇེ་ཡངས་སུ་གཏོང་ཆོག

    ནམ་མཁའ་ནི་སྔར་གྱི་ནམ་མཁའ་ཡིན་ལ་ས་གཞི་ནི་སྔར་གྱི་ས་གཞི་ཡིན་མོད། འོན་ཀྱང་མཉམ་ལས་ཁང་འདི་བཙུགས་པ་ནས་བཟུང་། ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཆོས་ཐར་གྱིས་ལོ་དྲུག་གི་སྔོན་དུ་མཉམ་ལས་ཁང་འདི་ཐོག་མར་འཛུགས་དུས་ང་རང་སོམ་ཉི་དང་ཐེ་ཚོམ་ངང་མཉམ་ལས་ཁང་འདིར་ཞུགས་པ་ཡིན། ད་ལྟ་བལྟས་ན་རང་ཉིད་ཀྱིས་དང་ཐོག་གི་བདམས་གསེས་དེ་ལ་ནོར་འཆུགས་མེད་པ་གཞི་ནས་ཤེས་ཡོད་ཟེར།

    ཆོས་ཐར་གྱིས་བཤད་པའི་མཉམ་ལས་ཁང་ནི་དོན་དངོས་སུ་མ་རྐང་ནང་འདྲེན་བྱེད་པའི་ཚོང་གཉེར་འདུ་ཤེས་བརྒྱུད་དེ་འབྲོག་པའི་ཁྱིམ་ཚང་གི་ཕྱུགས་ཟོག་དང་རྩྭ་ས་སོགས་ཀྱི་ཐོན་ཁུངས་གཞི་གཅིག་ཏུ་བསྡུས་ཏེ་ཐུན་མོང་སྒོས་ཚོང་གཉེར་བྱེད་པའི་ཐོན་སྐྱེད་མཉམ་ལས་ཀྱི་རྣམ་པ་ཞིག་ཡིན།

    སྟག་ལྷ་ནི་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཡིན་ལ 2012ལོའི་ཟླ 3པའི་ནང་ནས་ཁོ་དང་སྡེ་མི་གཞན་དག་འགའ་ཡིས་མཉམ་ལས་ཁང་འདི་བཙུགས་པ་དང་། རྡོ་དཀར་ཀུན་འདུས་སྡེ་བའི་ཁྱིམ་ཚང 18ཡོད་པ་ཚང་མ་མཉམ་ལས་ཁང་དུ་ཞུགས། དེའི་ཁྲོད་ཀྱི་ཁྱིམ་ཚང་དྲུག་ནི་དབུལ་ཕོངས་ཁྱིམ་ཚང་ཡིན།

    གོ་བདེ་ངང་བཤད་ན་འབྲོག་དམངས་ཀྱི་མ་དངུལ་དང་རྩྭ་ས། ཕྱུགས་ཟོག་བཅས་མ་རྐང་ལ་བཞག་ནས་གཅིག་བསྡུས་སྒོས་ཚོང་གཉེར་བྱས་པར་རྩ་འཛུགས་བྱས་ནས། ཚོང་གཉེར་གྱི་གནས་ཚུལ་ལ་གཞིགས་ཏེ་ལོ་རེར་ཁེ་སྤོགས་བགོ་རྒྱུ་དེ་ཡིན་ཞེས་སྟག་ལྷས་བཤད།

    མི་དང་རྩྭ་དང་ཕྱུགས་རིགས་བར་གྱི་འབུར་ཐོན་གྱི་གནད་དོན་སེལ་བ་དང་རྩྭ་ས་ཞན་འགྱུར་གྱི་གནད་དོན་ཚབས་ཆེན་སེལ་ཕྱིར། 2012ལོར་སྣ་བུག་ཤང་རྡོ་དཀར་ཀུན་འདུས་དར་འཕེལ་བཞོན་མ་གསོ་སྤེལ་རོང་འབྲོག་དམངས་ཀྱི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། སྡེ་བ་ཡོངས་ཀྱི་ཁྱིམ་ཚང 18ཀྱིས་རང་གི་རྒྱུ་ནོར་དང་རང་གི་ངལ་རྩོལ་ནུས་ཤུགས་སོགས་རྒྱུ་རྐྱེན་དུ་བྱས་ནས་མ་རྐང་ཚད་འབེབས་མཉམ་ལས་ཁང་དུ་ཞུགས་ཏེ་རྒྱུ་བདག་ཏུ་གྱུར་ནས། དུས་ལྟར་ཁེ་སྤོགས་ཀྱང་ཐོབ་པ་རེད། མཉམ་ལས་ཁང་གིས“ཁེ་ལས +མཉམ་ལས་ཁང + སྡེ་བ་གཞུང+དབུལ་ཕོངས་ཁྱིམ་ཚང”བཅས་ཀྱིས་རྣམ་པ་སྤྱད་དེ་ཕན་ནུས་ལྡན་པའི་སྒོ་ནས་ཐོན་ཁུངས་ཀྱི་བབ་བཟང་བེད་སྤྱད་དེ་ཤུགས་ཆེན་སྒོས་བཞོན་མ་གསོ་སྤེལ་གཙོ་བྱེད་པའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཕྱུགས་ལས་ཀྱིས“གཅིག་གྱུར་ཀྱིས་དོ་དམ་དང་གཅིག་གྱུར་སྒོས་འཚོ་སྐྱོང་། གཅིག་གྱུར་སྒོས་གསོ་སྤེལ། གཅིག་གྱུར་སྒོས་བཞོ་བ། གཅིག་གྱུར་སྒོས་ཕྱིར་འཚོང”བཅས་ཀྱི་གཉེར་སྐྱོང་བྱེད་ཐབས་སྤྱད་དེ་གཏིང་ཟབ་སྒོས“སྒྱུར་གསུམ”བཅོས་སྒྱུར་ཀྱི་བྱ་བ་སྤེལ།

    སྟག་ལྷས་གསར་འགོད་པར་བཤད་རྒྱུར། མཉམ་ལས་ཁང་དང་ལུའོ་ཡོན་འོ་རྫས་ཁེ་ལས་ཀྱིས་རྒྱུན་རྣམ་ཅན་གྱི་ཉོ་སྒྲུབ་གྲོས་མཐུན་བཞག་ཡོད་ལ། ན་ནིང་ལོར་འོ་མ་ཏུན 102ཐོན་པ་དང་ཐོན་རྫས་ཀྱི་རིན་གོང་སྒོར་ཁྲི 71ཟིན། དེའི་ཁར་ཕྱི་རུ་ངལ་ལས་ལ་སོང་བ་སོགས་ཀྱི་ཡོང་སྒོ་བསྣན་ན་ལོ་དེར་སྡེ་བ་ཡོངས་ཀྱི་རོང་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་སྒོར་ཁྲི 1.2ལ་བསླེབས་པ་དང་། དབུལ་ཕོངས་ཁྱིམ་ཚང་དག་ཕལ་ཆེར་དབུལ་བོ་ལས་ཐར་བ་མངོན་འགྱུར་བྱུང་།

    ད་ལོར་ལོ 44ཡིན་པའི་ཆོས་ཐར་ལ་མཚོན་ན་ཁོ་ནི་མཉམ་ལས་ཁང་གི་རྒྱུ་བདག་གི་གྲས་ཡིན་ལ། ཁོ་རང་གི་ཟོག 15ཡོད་པ་ཚང་མ་མ་རྐང་དུ་བཞག

    ཆོས་ཐར་གྱིས་ངེད་ཚང་ལ་བཟའ་མི 4ཡོད་ལ་ང་རང་ཉིད་ཀྱིས་མཉམ་ལས་ཁང་གི་ནང་གི་རྫི་བུ་བྱེད་གྱིན་ཡོད་ལ། ཆུང་མས་མཉམ་ལས་ཁང་དུ་བཞོན་མ་བཞོ་གྱིན་ཡོད། ངེད་གཉིས་ཀར་ཟླ་གཉིས་ཀྱི་ནང་དུ་ལས་རེས་ལ་ཐེངས་གཅིག་ལས་འགྲོ་མི་དགོས་པ་དང་དུས་ཚོད་གཞན་དག་གྲོང་ཁྱེར་ནང་ལ་སོང་ནས་ཞོར་ལས་བྱེད་ཆོག་ལ། ཟླ་གཅིག་གི་ནང་དུ་ཟླ་ཕོགས་སྒོར 3000ཡས་མས་ཡོད། གཞན་ད་དུང་བུ་ཆེ་བ་ནང་སོག་ས་ཆར་ཞོར་ལས་སུ་སོང་ཡོད་ལ། ཟླ་རེར་ཟླ་ཕོགས་སྒོར 4500ཡས་མས་ཡོད། ན་ནིང་ལོར་མཉམ་ལས་ཁང་ལས་ཁེ་སྤོགས་སྒོར་ཁྲི 3.5ཐོབ་པ་དང་དེའི་ཁར་ཞོར་ལས་སུ་སོང་བའི་སྒོར་མོ་བསྣན་ན་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི 6ལ་ཉེ་བ་ཡོད་ཟེར།

    གསར་འགོད་པ་མཉམ་ལས་ཁང་དུ་བསྐྱོད་པ་ན། རང་ཉིད་ཀྱི་ཁ་གཏད་དུ་བཞོ་མ 50དུས་གཅིག་ཏུ་བཞོ་ཐུབ་པའི་ཚད་ལྡན་ཅན་གྱི་འོ་མ་བཞོ་ས་ཡོད་པ་དང་། འོ་མ་བཞོ་ས་དེའི་རྒྱབ་ཕྱོགས་སུ་ཚད་ལྡན་ཅན་གྱི་དྲོད་སྤྱིལ་ཁང་གྱན 16ཡོད་ལ། དེའི་གཡས་ཕྱོགས་སུ་གཞུང་ལས་ཁང་དང་ནད་ཡམས་སྔོན་འགོག་ཁང་། འོ་མ་གསར་བཞོས་ཉོ་སྒྲུབ་ཁང་དང་། དེ་ལས་གཞན་ད་དུང་གཟན་རྩྭ་ཉར་ཚགས་སྤྱིལ་བུ་བཅས་ཡོད།

    གསར་འགོད་པས་ཆོས་ཐར་མཐོང་དུས་ཁོས་འོ་མ་ཉོ་སྒྲུབ་ཁང་དུ་འོ་མ་བསྡུ་གསོག་བྱེད་བཞིན་པའི་སྒང་ཡིན། འོ་མ་ཉོ་སྒྲུབ་ཁང་གི་སྒེའུ་ཁུང་གི་འགྲམ་དུ་འོ་མ་གསར་བ་ཏུན 2ཉར་ཚགས་བྱ་ཐུབ་པའི་འཁྱག་སྒམ་ཞིག་ཡོད་པ་མ་ཟད། འོ་མའི་སྤུས་ཚད་དང་ཞག་ཚིལ་འདུས་ཚད་ཚད་ལེན་དཔྱད་ཆས་སོགས་གྲ་དག་པའི་སྒོ་ནས་བཞག་ཡོད། ཆོས་ཐར་གྱིས་གསར་འགོད་པར་བཤད་རྒྱུར། སྔོན་ཆད་ཁྱིམ་ཚང་རང་གིས་ཕྱུགས་འཚོ་བ་དང་ད་ལྟ་མཉམ་ལས་ཁང་དུ་ཚན་རིག་སྒོས་ཕྱུགས་འཚོ་བ་ནས་བཟུང་ངོས་ཟིན་ཟབ་མོ་ཞིག་ཐོབ་པ་ནི་ཕྱུགས་ཁྱུ་ཇེ་ཆེར་ཕྱིན་ཡང་རང་ཉིད་ལ་དེ་བས་སྟབས་བདེ་ཆེན་པོ་བསྐྲུན་པ་རེད།

    སྡོམ་རྩིས་བྱས་པ་ལྟར་ན། ཀུན་འདུས་སྡེ་བར་ལྷ་ས་དང་མཚོ་སྔོན། གཙོས། ནང་སོག་སོགས་སུ་ཞོར་ལས་སམ་ཚོང་ལས་ལ་འགྲོ་མཁན་མི 26ཡོད་པ་དང་ངལ་ལས་ཡོང་སྒོ་སྒོར་ཁྲི 80ལྷག་ཡོད་པས། འབྲོག་པ་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་ཡོད།

    དེང་སང་། མཉམ་ལས་ཁང་གི་འབྲོག་པ་མང་ཚོགས་ཀྱི་ཕྱུག་འགྱུར་གྱི་ཕུགས་འདུན་གོམ་གང་མདུན་སྤོས་ངང་མངོན་འགྱུར་ཐུབ་གྱིན་ཡོད།

    གསར་འགོད་པ་མཉམ་ལས་ཁང་གི་སྒོ་ཁར་བུད་དུས། ས་སྲོད་ཀྱི་མཚམས་སྤྲིན་ཆར་རྗེས་སུ་སྣུམ་ཤིག་གེར་ཡོད་པའི་རྩྭ་ཐང་སྟེང་དུ་འཕྲོས་ཤིང་རྩྭ་འགོར་འཛུམ་པའི་སིལ་བ་བདེ་སྣང་དང་བཅས་བཀྲག་མདངས་རབ་ཏུ་འཚེར། གཡའ་དག་པའི་ནམ་མཁའ་དང་རྡུལ་དག་པའི་ས་གཞི་ཡང་བཀྲ་ཤིས་པའི་རྣམ་པས་ཡོངས་སུ་ཁེངས་ཡོད། ཕྱུགས་རྫི་རྣམས་ཀྱིས་སྙན་པའི་གླུ་དབྱངས་གྱེར་བཞིན་ཕྱུགས་ཁྱུའི་རྗེས་དེད་དེ་འགྲོ་བཞིན་ཡོད་ལ། ཕྱུགས་ཁྱུ་དེའང་མཛོ་མོ་སྔོ་རིས་མས་སྣེ་ཁྲིད་ནས་ཡིད་ཚིམས་བག་ཕེབས་ངང་མཉམ་ལས་ཁང་གི་ཕྱོགས་སུ་འགྲོ་བཞིན་ཡོད།།

   上一页 1 2 3  

责任编辑: 赵丹
贺信
010090110010000000000000011100001381431391